Monday, March 28, 2011

My World

རང་གི་རིག་གཞུང་དང་རང་གི་སྐད་ཡིག་དེ་བདག་གཅེས་བྱ་དགོས་པ་ནི་མི་སྒེར་སོ་སོ་ལ་རག་ལས་ཡོད་པས། ང་ཚོས་ངེས་པར་ཏུ་ཆུ་ཚོད་བཙལ་ཏེ་ཉུང་མཐར་ཡང་བདུན་ཕྲག་གཅིག་གི་ནང་དུ་ཆུ་ཚོད་༣ ཙམ་ལ་བོད་ཡིག་སྦྱངས་དགོས་ངེས་རེ། དེ་འདྲ་ཡིན་ཙང་ཕྲུ་གུ་ཆུང་ཆུང་ཡིན་དུས་ནས་བོད་སྐད་དང་བོད་ཡིག་གི་འབྲི་ཀློག་བྱ་དགོས་པ་ང་ཚོ་ཕ་མ་ཚོས་འགན་ཡིན་པས། ང་ཚོ་ཕ་མ་རྣམས་ཀྱིས་གནད་འགག་ཅན་གྱི་དུས་ཚོད་འདི་ཆུད་བཟོས་སུ་མ་བཏང་བར་དམ་འཛིན་བྱ་དགོས་པའི་མཆོད་སེམས་བརྟན་པོ་ཞིག་ངེས་པར་ཏུ་དགོས་པ་ཤེས་པར་བྱ། 


རིག་པ་ནང་པར་འཆི་ཡང་བསླབ།།
ཚེ་འདིར་མཁས་པ་མ་གྱུར་ཀྱང་།།
སྐྱེ་བ་ཕྱི་མར་བཅོལ་བ་ཡིས།།
ནོར་ལ་རང་ཉིད་ལེན་དང་མཚུངས།།


བོད་ཡིག་དང་བོད་སྐད་ལ་དོ་མཁུར་ཅན་ཞིག་ཡིན་ན་ནི་ངེས་པར་ཏུ་དྲ་ངོས་འདིར་ཐོག་མཆན་དང་ཡང་ན་སོ་སོའི་ཁམས་དང་བསྟུན་ནས་བརྗོད་འདོད་པའི་ཚིག་ག་རེ་ཡིན་ནའང་བཀོད་རོགས་གནང་ཞེས་འབོད་སྐུལ་ཞུ། 


ང་ནི་གཡག་ཤ་ཟ་མཁན་གྱི་འབྲོག་ཕྲུག་ཞིག་ཡིན།
ང་ནི་འབྲུ་མར་ཟ་མཁན་གྱི་གངས་ཕྲུག་ཞིག་ཡིན།
ང་ནི་གངས་ཆུ་འཐུང་མཁན་གྱི་བོད་ཕྲུག་ཞིག་ཡིན།
ང་ནི་བོད་སྐད་ཤོད་མཁན་གྱི་གངས་ཅན་པའི་བོད་ཕྲུག་ཞིག་ཡིན་པས།
མདོ་དབུས་མཐོ་སྒང་ལ་དུང་ཞིང་ཁོང་ལ་བརྩེ།
མཚན་གུང་གི་རྨི་ལམ་ནང་དུའང་། གངས་ལྷ་མེ་ཏོག་དང་མཉམ་དུ་དགུང་སྔོན་པོ་གནམ་མཁའི་དཀྱིལ་དུ་གར་རྩེད་ལ་རོལ་བཞིན་འདུག



Monday, March 7, 2011

ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། Happy New Year!

༄༄།།  བོད་རྒྱལ་ལོ་ ༢༡༣༨ རབ་གནས་ལྕགས་ཡོས་གནམ་ལོ་གསར་བཞད་ཀྱི་དགའ་སྟོན་རྟེན་འབྲེལ་ལ་བཀྲ་ཤིས་བདེ་ལེགས་ཞུ།


འདི་ནའང་ཡུལ་གྱལ་བ་ཞིག་གིས་སེམས་ཁོང་གི་རྨ་ཁ་ཞིག

གངས་ལྗོངས་ལགས། ཕ་ཡུལ།
ངའི་རྟག་ཏུ་རྨི་ལམ་དུ་འཁོར།
ཁྱེད་རང་དང་མ་མཇལ་བར་དུས་ཕྱེད་འགོར།
པོ་ཏ་ལའི་གཟི་འོད་དེ་ད་དུང་ངའི་སེམས་ཁོང་སུ་གསལ་ལེར་ཡོད།
ངའི་ལུས་སུ་ཕྱི་ལུས་གྱོན་ཀྱང་། ངའི་སྐད་ངག་ཏུ་ཕྱི་སྐད་སྨྲས་ཀྱང་།
ངའི་སེམས་དེ་ནམ་ཡང་བོད་ཀྱི་སེམས།
ཁྱེད་དང་མཇལ་བའི་སེམས་གཏིང་གི་རེ་བ་དེ།
དུས་ནམ་ཡིན་ཡང་། གནས་གང་ཕྱིན་ཀྱང་།
སེམས་ནས་བརྗེད་མི་སྲིད།
གངས་ལྗོངས་ལགས། ཕ་ཡུལ།
མྱུར་ཏུ་མཇལ་བའི་སྨོན་འདུན་ཞུ།
གདོང་དྲུག་གིས།