Wednesday, August 24, 2011

མཆོད་རྟེན་བརྒྱད་པའི་མཚོན་བྱེད།


མཆོད་རྟེན་སྐུ་གདུང་ཆ་བརྒྱད་ཀྱི་ཤེས་བྱ།

    ༡.མཆོད་རྟེན་གྱི་དབྱེ་བ།
   བོད་དུ་བཞེངས་པའི་མཆོད་རྟེན་ནི།སྟོན་པ་ཤཱཀྱ་ཐུབ་པས་རྒྱ་གར་དུ་མཛད་པ་གཙོ་བོར་བསྟན་པའི་གནས་ཆེན་བརྒྱད་ཀྱི་མཆོད་རྟེན་བོད་ལུགས་སུ་བཞེངས་པ་སྟེ།
   དང་པོ།    སྟོན་པ་སྐུ་བལྟམས་པའི་ཚེ་གྲོང་ཁྱེར་སེར་སྐྱའི་ལུམ་བིའི་ཚལ་དུ་ཟས་གཙང་སོགས་ཀྱིས་བཞེངས་པའི་བདེ་གཤེགས་མཆོད་རྟེན་ནམ་པདྨ་སྤུངས་པའི་མཆོད་རྟེན། ཡང་ན་བཀྲ་ཤིས་འབྱུང་བའི་མཆོད་རྟེན་ནི་ཟླུམ་པོ་པདྨ་འདབ་མ་ཅན་གྱི་བང་རིམ་བཞིའམ་བདུན་དུ་བརྩེགས་པ།
   གཉིས་པ།   རྒྱལ་པོའི་ཁབ་ཏུ་སངས་རྒྱས་པའི་ཚེ་གཟུགས་ཅན་སྙིང་པོ་སོགས་ཀྱིས་བཞེངས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ།
   གསུམ་པ།   ཝ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འཁོར་ལྔ་སྡེ་བཟང་པོས་བཞེངས་པའི་ཡེ་ཤེས་མཆོད་རྟེན་ནམ་ཆོས་འཁོར་མཆོད་རྟེན་དང་། ཡང་ན་བཀྲ་ཤིས་སྒོ་མང་མཆོད་རྟེན་ནི་དབྱིབས་གྲུ་བཞི་བང་རིམ་བཞི་གློ་འབུར་དང་བཅས་པ་སྒོ་རབ་བརྒྱ་རྩ་བརྒྱད། འབྲིང་ལ་ང་དྲུག ཐ་མ་བཅུ་དྲུག་སོགས་ཅི་རིགས་དང་སྒོ་བཞི་རེ་བྱས་པ་བདེན་བཞིའི་མཚོན་བྱེད་དང་བརྒྱད་རེ་བྱེད་པ་རྣམ་ཐར་བརྒྱད་དུ་མཚོན་བྱེད་དང་། བཅུ་གཉིས་སུ་བྱེད་པ་རྟེན་འབྲེལ་བཅུ་གཉིས། བཅུ་དྲུག་ཏུ་བྱེད་པ་སྟོང་ཉིད་བཅུ་དྲུག་གི་མཚོན་ཚུལ་བཅས་རིགས་མང་པོ་ཡོད་པ་དེའོ། །
   བཞི་པ།   མཉན་ཡོད་ཛེ་ཏཱའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ཚེ་ལི་ཙ་བྱི་སོགས་ཀྱིས་བཞེངས་པའི་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་ནམ་ཆོ་འཕྲུལ་ཆེན་མོའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་དང་ལྡན་པ། ཕྱོགས་རེར་གློ་འབུར་དང་བཅས་པ།
   ལྔ་པ།   སྟོན་པ་སུམ་རྩེན་དུ་དབྱར་གནས་མཛད་དེ་ཡུམ་བདེན་པ་ལ་བཀོད་ཅིང་སྔ་དྲོ་དགག་དབྱེ་མཛད། ཕྱི་དྲོ་འཛམ་བུ་གླིང་དུ་ཕེབས་པའི་ཚེ་གསལ་ལྡན་པ་རྣམས་ཀྱིས་ཡངས་པ་ཅན་གསལ་ལྡན་དུ་བཞེངས་པའི་དཔལ་ལྷ་ལས་བབས་པའི་མཆོད་རྟེན་ནམ་སུམ་ཅུ་རྩ་གསུམ་ལྷའི་མཆོད་རྟེན་དུ་གྲགས་པ། བང་རིམ་བཞིའམ་བརྒྱད་པ། ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པ།
  དྲུག་པ།  རྒྱལ་པོའི་ཁབ་ཏུ་ལྷས་བྱིན་གྱིས་དགེ་འདུན་དབྱེན་བྱེད་པ་མཆོག་ཟུང་གིས་འདུམ་པའི་ཚེ་རྒྱལ་བྱེད་སོགས་མ་ག་དྷ་བས་བཞེངས་པའི་དབྱེན་ཟླུམ་མཆོད་རྟེན་ནམ་འོད་ཟེར་ཅན་ནམ་བྱམས་དངོས་མཆོད་རྟེན་དུ་གྲགས་པ་བང་རིམ་བཞི་པ་གྲུ་བཞིའི་ཟུར་བཞི་མཉམ་པར་བཅད་པ་ལྟ་བུ།
  བདུན་པ།   ཡངས་པ་ཅན་དུ་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་གྲོང་ཁྱེར་པ་རྣམས་ཀྱིས་བཞེངས་པའི་བྱིན་རླབས་མཆོད་རྟེན་ནམ་རྣམ་པར་རྒྱལ་བའི་མཆོད་རྟེན་ནི། དབྱིབས་ཟླུམ་པོ་བང་རིམ་གསུམ་དང་ལྡན་པ།
  བརྒྱད་པ།   གྲོང་ཁྱེར་རྩྭ་ཅན་དུ་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་སར་ཡུལ་མི་རྣམས་ཀྱིས་བཞེངས་པའི་མྱ་ངན་འདས་པའི་མཆོད་རྟེན་དུ་གྲགས་པ་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་གདན་མན་ཆད་དྲིལ་བུའི་མདོང་མོའི་དབྱིབས་ལྟ་བུ་མར་རིམ་གྱིས་གཡེར་བ་དང་། ཡང་ན་བུམ་པ་མེད་ཅིང་བུམ་པ་བང་རིམ་དང་བཅས་དྲིལ་མདོང་གི་དབྱིབས་བྱེད་པའི་ལུགས་གཉིས་བཞུགས་པ་བཅས་སོ། །
  ༢.མཆོད་རྟེན་གྱི་གྲུབ་ཆ་དང་དེའི་མཚོན་བྱའི་མིང་།
བྱང་ཆུབ་ཆོས་ཀྱི་མཆོད་རྟེན་ལ། ། གདན་གྱི་ས་འཛིན་ཐེམ་སྐས་གསུམ། ། ཐིག་གདན་སེང་ཁྲི་བད་ཆུང་དང་། ། གཟུངས་སྣེ་བད་ཆེན་རྨང་དགེ་བ། ། དེ་སྟེང་སྤྱི་ལ་བང་རིམ་བཞི། ། བུམ་རྟེན་བུམ་པ་བྲེ་རྟེན་དང་། ། བྲེ་འདེགས་པད་མ་འོད་ཟེར་ཕྲེང་། ། ཕོ་འཁོར་མོ་འཁོར་བཅུ་གསུམ་དང་། ། ཐུགས་རྗེ་མདོ་གཟུངས་གཞུ་རྒྱ་གྲམ། ། གདུགས་དང་ཆར་ཁེབས་ཟླ་ཕྱེད་ཉི། ། ནོར་བུ་ཏོག་དང་བཅས་པའོ། །
མཆོད་རྟེན་གྱི་ཆ་དབྱེ་བར་རྣམ་དག་སློབ་དཔོན་ཤཱནྟི་གརྦྷས་གསུངས་པའི་དོན་ནི། བད་གཟུངས་རྗེས་སུ་དྲན་པ་དྲུག ། བད་ཆེན་དགེ་བཅུ་རྨངས་ཚད་མེད། ། ཡང་ན་དེ་གཉིས་ལྡོགས་པའང་བཤད། དེས་རྡོ་རྗེའི་ས་ལམ་བཅུ་གསུམ་མཚོན་པའང་གསུངས་ཏེ། དེ་རྣམས་ནི། ༡.རབ་ཏུ་དགའ་བ། ༢.དྲི་མ་མེད་པ། ༣.འོད་བྱེད། ༤.འོད་འཕྲོ། ༥.སྦྱང་དཀའ་བ། ༦.མངོན་དུ་གྱུར་པ། ༧.རིང་དུ་སོང་བ། ༨.མི་གཡོ་བ། ༩.ལེགས་པའི་བློ་གྲོས། ༡༠.ཡེ་ཤེས། ༡༣.རྡོ་རྗེའི་ས་ལམ་བཅས་སོ། །
བང་རིམ་བཞི་པོ་རིམ་པ་བཞིན། ། དྲན་པ་ཉེར་བཞག་ཡང་དག་སྤོང། ། རྫུ་འཕྲུལ་རྐང་བཞི་དབང་པོ་ལྔ། ། བུམ་རྟེན་སྟོབས་ལྔ་བུམ་པ་ནི། ། བྱང་ཆུབ་ཡན་ལག་བྲེ་འཕགས་ལམ། ། རྒྱུ་ཡི་ཆོས་རྣམས་རྣམ་པར་དག ། སྲོག་ཤིང་ཀུན་རྫོབ་ཕ་རོལ་སེམས། ། རྗེས་དྲན་བདེན་བཞི་ཟད་མི་ཤེས། ། ཤེས་པ་བཅུ་གཉིས་ངོ་བོ་དང་། ། པད་མ་ཐབས་དང་ཤེས་རབ་སྟེ། ། འཁོར་ལོ་སྟོབས་བཅུ་དྲན་ཉེ་གསུམ། ། ཆར་ཁེབས་ཐུགས་རྗེ་ཏོག་ཆོས་སྐུ། ། མཆོད་རྟེན་ཉིད་ཀྱི་ངོ་བོ་བཤད། ། ཅེས་དང་།
ཡང་། རྒྱན་རྣམས་རྒྱལ་བའི་ཡོན་ཏན་ཏེ། ། རྡོ་རིང་མི་འཇིགས་བཞི་དང་ལྡན། ། ཐེམ་སྐས་སྲུང་བ་མེད་པ་བཞི། ། རྒྱལ་མཚན་བདུད་བཞིའི་གཡུལ་ལས་རྒྱལ། ། མེ་ཏོག་ཕྲེང་བ་མཚན་དཔེ་འབར། ། རྒྱལ་མཚན་བཞི་ནི་བདེན་བཞིའི་དོན། ། དྲིལ་བུ་ཚངས་དབྱངས་དྲུག་ཅུའི་གསུངས། ། ཉི་ཟླ་ཡེ་ཤེས་སྣང་བ་སྐྱེད། ། མེ་ལོང་ཡེ་ཤེས་བཞི་དང་ལྡན། ། ཅོད་པན་ཆོས་ཀྱི་རྒྱལ་སྲིད་ཐོབ། ། བ་དན་ཆོས་ཀྱི་སྙན་པས་ཁྱབ། ། འབྲས་བུ་ཆོས་རྣམས་དག་པའོ། ། སྒོ་མང་བདེན་བཞི་རྣམ་ཐར་བརྒྱད། ། རྟེན་འབྲེལ་སྟོང་ཉིད་བཅུ་དྲུག་གོ ། གློ་འབུར་ཁྱད་པར་འཕགས་པ་ཡི། ། རྣམ་པར་འཕྲུལ་བས་འགྲོ་དོན་མཛད། ། ཐེམ་སྐས་སངས་རྒྱས་གཞན་དོན་བྱོན། ། པདྨ་འཁོར་བའི་སྐྱོན་མ་གོས། ། བང་རིམ་མེད་པ་སྲིད་པ་ཡི། ། འཇིག་པ་བྲལ་ཞིང་སྤྲོས་པ་མེད། ། དབྱེན་ཟླུམ་དེ་རྒྱུ་དུག་གསུམ་དང་། ། ལྟོ་བཅད་རྣམ་ཐར་བརྒྱད་མཚོན་ནོ། ། ཞེས་སྐུ་གདུང་ཆ་བརྒྱད་ཀྱི་བརྡ་ཁྱབ་དང་རྒྱན་གྱི་ཡོན་ཏན་བཅས་པའི་ཚིགས་སུ་བཅད་པ་འདི་ནི། ཤེས་བྱ་ཀུན་ཁྱབ་ཀྱི་ཐུགས་རྟེན་བཤད་པ་ལ་གཞིར་བྱས་ནས་བྲིས་པའོ། །
 


No comments:

Post a Comment