Thursday, June 11, 2015

Final 6/7


 ༡   གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།

བདེན་པ་བཞི་ནི་གང་དག་ཡིན།


དཀོན་མཆོག་གསུམ་ནི་གང་དག་ཡིན།


མ་ཎི་ཡི་གེ་དྲུག་ནི་གང་དག་ཡིན།


བོད་ཀྱི་རྒྱལ་བོ་ཐོག་མ་སུ་ཡིན།


༢    གཤམ་གྱི་སློབ་ཚན་ཀློག་རྗེས་དྲི་བ་རྣམས་ལ་ལན་བྲིས་རོགས་གནང་།

སྲོང་བཙན་སྒམ་པོའི་སྐབས་བོད་རྒྱལ་ཁབ་ཀྱི་སྟོབས་ཤུགས།

བོད་ཀྱི་རྒྱལ་པོ་དང་པོ་གཉའ་ཁྲི་བཙན་པོ་ནས་བཟུང་། བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་ཤུགས་སོགས་ཚང་མ་རིམ་པས་ཡར་རྒྱས་ཕྱིན་ནས། ཕྱི་ལོ་༦༡༧ ལོ་ལ་སྦྲ་སྟོད་ཚལ་གྱི་ཕོ་བྲང་མི་འགྱུར་བྱམས་པ་གླིང་དུ་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་ཐོ་གར་བཟའ་ཚེ་སྤོང་གཉིས་ལ་སྲས་སྲོང་བཙན་སྒམ་པོ་འཁྲུངས་པ་རེད། སྲོང་བཙན་སྒམ་པོ་དགུང་ལོ་༡༣ ལ་ཕེབས་སྐབས་བོད་ཀྱི་རྒྱལ་པོར་བསྐོས།
དེའི་རྗེས་ལ་རྒྱལ་པོ་སྲོང་བཙན་སྒམ་པོས། བློན་པོ་མགར་སྟོང་བཙན་གཙོ་བོ་བྱས་ནས་བལ་ཡུལ་གྱི་རྒྱལ་པོའི་སྲས་མོ་བཙུན་མོར་སློང་དུ་བཏང་པ་དང་། བལ་ཡུལ་གྱི་རྒྱལ་པོས་ཀྱང་རང་གི་སྲས་མོ་བཙུན་མོར་འབུལ་རྒྱུའི་ཁས་ལེན་བྱས། དེ་ནས་སྲས་མོའི་རྟེན་སྐལ་དུ་བྱམས་པ་ཆོས་འཁོར་མ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེའི་སྐུ་བཅས་ཕུལ།
     བློན་པོ་ཐོན་མི་སམ་བྷོ་ཊ་བཅས་བོད་ཕྲུག་རིག་པ་ཅན་བཅུ་དྲུག་རྒྱ་གར་ལ་ཡི་གེ་སློབ་ཏུ་བཏང་། ཐོན་མི་སམ་བྷོ་ཊ་རྒྱ་གར་ནས་ཡི་གེ་སྦྱངས་ནས་བོད་ལ་ཕྱིར་ལོག་གནང་སྟེ། བོད་ཡིག་གི་ཡིག་གཟུགས་གསར་པ་བཟོས་གནང་། ཐོན་མི་སམ་བྷོ་ཊས་བོད་ཡིག་དང་པོ་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་བསླབས་གནང་ནས། རྒྱལ་པོ་སྲོང་བཙན་སྒམ་པོས་ཀྱང་ལོ་བཞིའི་རིང་ཕོ་བྲང་གི་ཕྱིར་ལོག་ལ་མ་ཐོན་པར་བོད་ཡིག་སྦྱངས་ནས་བཞུགས། དེ་ནས་རྒྱལ་པོ་དང་བློན་པོ་ཚང་མ་འཛོམས་ནས་ཆོས་དང་སྲིད་གཉིས་ཀྱི་ཁྲིམས་ཡིག་བཟོས་གནང་།

ཕྱི་ལོ་༦༤༡ལོ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོས་བློན་པོ་མགར་རྒྱ་ནག་ལ་སྲས་མོ་སློང་དུ་བཏང་མོད། རྒྱའི་རྒྱལ་པོ་འདོད་པ་མེད་ཀྱང་གནོན་ཤུགས་ཀྱི་འོག་རང་གི་སྲས་མོ་ཕུལ། སྲས་མོའི་རྟེན་སྐལ་དུ་ཇོ་བོ་ཤྰཀྱ་མུ་ནིའི་སྐུ་དང་བཅས་བརྫངས་པ་རེད།

བོད་ཀྱི་ལོ་གསར།

བོད་ཀྱི་ལོ་གསར་ནི། ཞིང་ནས་ལོ་ཏོག་ཚང་མ་བསྒྲུགས་ཚར་བ་དང་། ལོ་ཏོག་གསར་པ་འདེབས་ལས་མ་བྱས་གོང་དུ་འཁེལ་སྲོལ་ཡོད། དེར་བརྟེན་བོད་ཟླ་༡༢་ཤར་བའི་རྗེས། བོད་མི་ཚོས་ལོ་གསར་དེ་གྲ་རྒྱས་པོ་དང་ཕུན་སུམ་ཚོགས་པ་ཞིག་ཡོང་རྒྱུའི་ཆེད་དུ། སྔོན་ནས་ཁང་པ་ལ་ཚོན་རྩིས་གཏོང་བ་དང་། ནང་མི་རྣམས་ལ་གྱོན་གོས་གསར་པ་དང་སྡེར་ཁའི་ཁ་ཟས་བཟོ་བ། ཤིང་ཏོག་སོགས་ཟས་རིགས་སྣ་ཚོགས་སྒྲིག་པ། དེ་བཞིན་དུ་དར་ལྕོག་དང་དར་ཤིང་། ལུག་མགོ  ཆང་།  ལོ་ཕུད་སོགས་ཆ་ཚང་གྲ་སྒྲིག་བྱེད་ཀྱི་ཡོད།
བོད་ཟླ་༡༢པའི་ཚེས་༢༩ ཉིན་དགུ་ཐུག་གི་ཉིན་མོ་ཡིན་ལ། དགོང་དྲོར་དགུ་ཐུག་ཅེས་གྲོ་དང་འབྲས། འབྲུ་དང་སྲན་མ། ཚལ་སོགས་ཟས་སྣ་ཁ་དགུ་འཛོམས་པའི་བག་ཐུག་བསྐོལ་ནས། ནང་མི་ཚང་མ་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་པ་དང་། ཐུག་པ་ལྷག་མ་དང་གད་སྙིགས་བཅས་ཀླུད་ལ་གཡུག་སྲོལ་ཡོད།

ཕོ་བྲང་པོ་ཏ་ལ།

པོ་ཏ་ལ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། བོད་སྐད་དུ་རི་བོ་གྲུ་འཛིན་ཞེས་ཟེར། བོད་ཀྱི་ཡུལ་དབུས་ཀྱི་གྲོང་ཁྱེར་ལྷ་སར་གླང་ཆེན་འཕྲེད་ཉལ་ལྟ་བུའི་རི་ཞིག་ཡོད། རི་དེ་ལ་དམར་པོ་རི་ཟེར། རི་དེ་ཐོག་མ་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྒྲུབ་གནས་ཤིག་ཡིན། དེ་རྗེས་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ས་སྟོད་ཡར་ལུང་དུ་ཡོད་པ་དེ་དམར་པོ་རིར་སྤོས། ཕྱི་ལོ་༦༤༡ ལོར་སྲོང་བཙན་སྒམ་པོས་དམར་པོ་རིིའི་སྟེང་དུ་ཕོ་བྲང་དཀར་པོ་ཞེས་པ་གསར་པ་བཞེངས་པ་རེད། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་དགོངས་པ་རྫོགས་རྗེས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕྱི་ལོ་༡༦༩༠ ནས་བཟུང་ལོ་བཞིའི་རིང་སྔར་གྱི་ཕོ་བྲང་དཀར་པོ་ལ་སླང་ཡང་ཞིག་གསོ་གནང་ནས་དེའི་ཐོག་ད་ལྟ་ཡོད་པའི་རྒྱ་ཆེ་བའི་ཕོ་བྲང་དམར་པོ་གསར་དུ་བཟོས་གནང་པ་རེད། ཕོ་བྲང་པོ་ཏ་ལར་ཐོག་བརྩེགས་༡༣ ཡོད་པ་དང་། ཁྱོན་བསྡོམས་ཁང་མིག་༡༠༠༠ལྷག་ཙམ་ཡོད། པོ་ཏ་ལའི་ནང་ཏྰ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདུང་ཁག་དང་། འཕགས་པ་ལོ་ཀེ་ཤྭ་ར་སོགས་བྱིན་རླབས་ཤིན་ཏུ་ཆེ་ཞིང་ལོ་རྒྱུས་ལྡན་པའི་སྐུ་གསུང་ཐུགས་རྟེན་གྲངས་མེད་བཞུགས་པའི་ལྷ་ཁང་དང་། དེ་བཞིན་གཟིམ་ཆུང་ཚོགས་ཆེན། ཡིག་ཚང་། གྲྭ་ཤག  དཔེ་མཛོད་ཁང་། སློབ་གྲྭ། མཛོད་ཁང་། ཁྲིམས་ཁང་སོགས་ཕུན་སུམ་ཚོགས་པའི་གྲོང་སྡེ་ཆེན་པོ་ལྟ་བུ་ཞིག་ཡོད།



བོད་ལ་བཅིངས་པའི་བརྩེ་དུང་ཞེས་རྩོམ་ཐུང་ཞིག་བྲིས་རོགས་གནང། 

No comments:

Post a Comment