Wednesday, August 24, 2011

བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་དེ་དག་གི་མཚོན་དོན་ཅི་ཡིན།


བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་དེའི་མཚོན་དོན།

     བོད་ཀྱི་དགོན་སྡེ་དང་། གྲོང་ཁྱིམ། སྦྲ་གུར། ཡོ་བྱད་སོགས་ཀྱི་སྟེང་དུ་བོད་རང་གི་ཁྱད་ཆོས་ལྡན་པའི་རྒྱན་རིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་བཀོད་པ་ཧ་ཅང་མང་བ་དང་། ཁ་དཔེར“བོད་རྟེན་འབྲེལ་གྱི་བདག་པོ”ཟེར་བ་ལྟར་། ཚེ་རིང་ཞིང་ནད་མེད་པ། རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་སོགས་བཀྲ་ཤིས་རྟེན་འབྲེལ་ལེགས་པའི་མཚོན་བྱེད་ཅིག་ཏུ་ངོས་འཛིན་ཀྱིན་ཡོད་པ་དང་། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ལྟར་ན། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་སྐབས་ལྷའི་དབང་བོ་བརྒྱ་བྱིན་དང་ཚངས་པ་སོགས་ཀྱིས་སངས་རྒྱས་ཀྱི་དབུའི་སྟེང་ལ་གདུགས་ཕུབ་པ་དང་བསྙེན་བཀུར་དང་མཆོད་པའི་ཚུལ་དུ་བཀྲ་ཤིས་པའི་རྟགས་བརྒྱད་པོ་དེ་ཕུལ་བ་ལ་བརྟེན་ནས་འབྲས་བུ་བཀྲ་ཤིས་དགེ་མཚན་མང་པོ་ཞིག་བྱུང་ཞིང་། སྟོན་པས་ཀྱང་འཇིག་རྟེན་ཀུན་ལ་བཀྲ་ཤིས་པར་བྱས་ཏེ་མ་འོངས་པ་ན་ཡང་དེ་ལྟར་བཀྲ་ཤིས་པ་འབྱུང་བའི་རྫས་སུ་བྱིན་གྱིས་བརླབས་པ་ལྟར་དེང་གི་བར་རྟགས་བརྒྱད་པོ་དེ་བཀྲ་ཤིས་པའི་རྟེན་འབྲེལ་ལ་མཆོད་པར་བྱ་བའི་རྟགས་སུ་གྱུར།
   འབྲི་ཐབས་ཐད་ལའང་ལྷ་རིས་པ་རྣམས་ཀྱི་རྣམ་དཔྱོད་དང་ལག་རྩལ་མི་འདྲ་བས་སྒྱུ་རྩལ་གྱི་ཉམས་འགྱུར་ཡང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་དེ། རས་དང་ཀོ་བའི་རིགས་ཀྱི་དངོས་པོ་ཡོ་བྱད་ཀྱི་སྟེང་ལ་འཚེམ་དྲུབ་བྱེད་པ་དང་། ཤིང་ཆས་དང་རྡོ་སོགས་ལ་བརྐོས་དཀྲོལ་བྱེད་པ། གསེར་དངུལ་ཟངས་ཆས་སོགས་ལ་ཚག་བརྒྱག་པ། གྱང་ལྡེབས་དང་རས་གཞི་སོགས་ལ་རི་མོར་བྲིས་ཏེ། རང་མི་རིགས་ཀྱི་བསམ་པའི་ཉམས་འགྱུར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་མཚོན་ཞིང་སྤྱོད་སྒོ་རྒྱ་ཆེ་བའི་བོད་ཀྱི་རྒྱན་རིས་ཤིག་ཏུ་གྱུར་ཡོད། དེ་བས་འདིར་བོད་ཀྱི་རྒྱན་རིས་རྟགས་བརྒྱད་རི་མོ་རེའི་མཚོན་དོན་དང་རྟགས་བརྒྱད་བུམ་གཟུགས་ཀྱི་མཚོན་དོན་གཉིས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ངོ་སྤྲོད་པ་ལ།


དང་པོ། བཀྲ་ཤིས་རྟགས་བརྒྱད།
དུང་དཀར། གདུགས། རྒྱལ་མཚན། འཁོར་ལོ། དཔལ་བེའུ། བུམ་པ། པདྨ། གསེར་ཉ་བཅས་སོ། རྒྱན་རིས་དེ་དག་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལ་སྦྱར་ཡང་མཚོན་དོན་མི་འདྲ་བ་རེ་ཡོད་པ་ནི་དཔེར་ན།
༡ དུང་དཀར། དམ་པའི་ལྷ་ཆོས་དང་སྦྱར་ན། སྙན་པ་དམ་པའི་ཆོས་ཀྱི་སྒྲ་སྒྲོག་པའི་གསུང་དབྱངས་སྙན་མོ་དེ་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་བཀྲ་ཤིས་པའི་དབྱངས་སྙན་མོ་འགྲོ་བ་ཀུན་གྱི་ཡིད་ལ་བདེ་བ་སྟེར་ཞིང་མི་རང་ག་བའི་སྙན་གྲགས་རྒྱས་པ་དེའང་མཚོན་པའོ།
༢ གདུགས། དམ་པའི་ལྷ་ཆོས་དང་སྦྱར་ན། གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་འགྲོ་བའི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པ་དེ་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་མིའི་སེམས་ཀྱི་སྡུག་བསྔལ་སེལ་ཞིང་། དབུ་འཕང་མཐོ་བ་དེ་མཚོན་པའོ།
༣ རྒྱལ་མཚན། དམ་པའི་ལྷ་ཆོས་དང་སྦྱར་ན་ཕ་རོལ་བདུད་དང་མུ་སྟེགས་པ་ཕམ་པར་བྱས་ཏེ་མཚན་དཔེའི་ཡོན་ཏན་ཀུན་ནས་རྫོགས་པ་དེ་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་འཚེ་བ་དགྲ་གེགས་དང་ནད་གདོན་ཀུན་གཞོམ་ཞིང་དཀའ་བའི་ལས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ལེགས་ཚོགས་ཀྱི་གཟི་འོད་བཀྲ་བ་དེ་མཚོན་པའོ།
༤ འཁོར་ལོ། དམ་པའི་ལྷ་ཆོས་དང་སྦྱར་ན་བརྗོད་བྱ་སྡེ་སྣོད་གསུམ་དང་རྗོད་བྱེད་བསླབ་པ་གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་ཆོས་ཀྱི་འཁོར་ལོ་འདི་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་སྡང་དགྲ་ཟིལ་གྱིས་གནོན་ཅིང་གང་བསམ་ཡུལ་ལ་སླེབས་པ་དེ་མཚོན་པའོ།
༥ དཔའ་བེའུ། (པ་ཊ། གཡུང་དྲུང)དམ་པའི་ལྷ་ཆོས་དང་སྦྱར་ན་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཤིང་ཡེ་ཤེས་ལྔའི་དཔའ་དང་ལྡན་པ་དེ་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་ཚེ་རིང་ཞིང་བློ་རིག་བཀྲ་བ་ཀུན་ལ་མཐུན་ཞིང་འགྱུར་མེད་ཀྱི་བརྩེ་དུངས་དང་མཛའ་བརྩེའི་མདུད་པ་དམ་པ་དེ་མཚོན་པའོ།
༦ བུམ་པ། དམ་པའི་ལྷ་ཆོས་དང་སྦྱར་ན་ཡོན་ཏན་དང་རྣམ་དཀར་བསོད་ནམས་ཀྱི་བཅུད་ཀྱིས་གང་བ་དང་ལྡན་པ་དེ་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་ཡོན་ཏན་མ་ལུས་ཁོང་དུ་ཆུད་པ་དང་རྒྱུ་ནོར་གྱིས་ཕྱུག་པ་དེ་མཚོན་པའོ།
༧ གསེར་ཉ། དམ་པའི་ལྷ་ཆོས་དང་སྦྱར་ན་ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་དེ་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་ཕ་མ་དང་དགེ་སློབ་གྲོགས་པོ་བར་གྱི་འགྱུར་མེད་ཀྱི་བརྩེ་བ་དང་ཕོ་མོའི་དུང་བ་དེའང་མཚོན་པའོ།
༨ པདྨ། དམ་པའི་ལྷ་ཆོས་དང་སྦྱར་ན་ལས་ཉོན་གྱི་སྐྱོན་གྱིས་མ་གོས་པ་དེ་མཚོན་པ་དང་། འཇིག་རྟེན་མི་ཆོས་དང་སྦྱར་ན་གཟུགས་མཛེས་ཤིང་གཤིས་རྒྱུད་དྲང་བ་དེ་མཚོན་པའོ།
གཉིས། རྟགས་བརྒྱད་བུམ་གཟུགས།
སྤྱིར་བཀྲ་ཤིས་རྟགས་བརྒྱད་ནི་བཀྲ་ཤིས་ཤིང་དགེ་བའི་མཚན་མ་དང་ལྡན་པ་རྟག་ཏུ་བདེ་ཞིང་སྐྱིད་པ་འོང་བའི་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན་ལ། རྟགས་བརྒྱད་པོ་དེ་དག་ལ་གོ་རིམ་བཞིན་སྒྲིག་ནས་ཕྱིའི་རྣམ་པ་དེ་བུམ་པའི་དབྱིབས་ལྟར་བྲིས་ཡོད་པ་དེ་ལ་རྟགས་བརྒྱད་བུམ་གཟུགས་ཟེར་ཞིང་། དེས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་གདུལ་བྱའི་བསོད་ནམས་དང་། དབང་ཐང་། སྙན་གྲགས་སོགས་ཀྱང་མཚོན་ལ།དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་དོན་ཡང་མཚོན་པ་སྟེ། «བཀྲ་ཤིས་བརྩེགས་མདོ»ལས“ན་མོ་དབུ་ལ་བཀྲ་ཤིས་གདུགས་ལྟར་སྐྱོབ།། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག། གསུང་ལ་བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ།། ཐུགས་ལ་བཀྲ་ཤིས་དཔལ་གྱིས་བེའུ་གསལ།། སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ།། ལྗགས་ལ་བཀྲ་ཤིས་པདྨོ་ལོ་འདབ་རྒྱས།། མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་པ་འཁྱིལ།། ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག། ཞབས་ལ་བཀྲ་ཤིས་འཕྲིན་ལས་འཁོར་ལོ་མངའ།། བཀྲ་ཤིས་རྫས་བརྒྱད་དངོས་གྲུབ་དམ་པའི་མཆོག། རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ།། བཀྲ་ཤིས་དེས་ཀྱང་རྟག་ཏུ་བདེ་ལེགས་ཤོག།”ཅེས་གསལ་བ་དེ་དམ་པའི་ལྷ་ཆོས་ཀྱི་ནང་དོན་དང་སྦྱར་ཡོད་ལ། ཡང་འཇིག་རྟེན་མི་ཆོས་ཀྱི་ནང་དོན་དང་སྦྱར་ན། དབུ་འཕང་རིན་ཆེན་གདུགས་ཀྱི་ཡུ་བ་རིང་།། ཤེས་སྤྱོད་ཉ་མོ་གསེར་མིག་གཤོག་རྕལ་མྱུལ།། བསོད་ནམས་རིན་ཆེན་བུམ་པའི་ལྟོ་བ་གང་།། དབང་ཐང་པད་མའི་སྡོང་བོའི་ཡལ་འདབ་རྒྱས།། སྙན་གྲགས་དུང་དཀར་གཡས་འཁྱིལ་རྒྱང་གྲགས་ཆེ།། བརྩེ་དུངས་དཔལ་གྱི་བེའུའི་མདུད་པ་དམ།། ལེགས་ཚོགས་གསེར་བྱང་རྒྱལ་མཚན་གཟི་འོད་བཀྲ། དགེ་མཚན་འཁོར་ལོ་རྩིབས་སྟོང་འདབ་མ་མྱུར།།ཞེས་པ་ལྟར་བོད་རང་ལ་རྒྱན་རིས་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་བོད་མིའི་ནམ་རྒྱུན་གྱི་འཚོ་བའི་བྱེད་སྒོ་སྣ་ཚོགས་དང་འཇིག་རྟེན་མི་ཆོས་ཀྱི་ཕྱོགས་སུ་བེད་སྤྱོད་བྱས་པ་མི་འདང་ལ། དེང་སྐབས་བོད་ཀྱི་ན་གཞོན་ཕོ་མོ་འཇིག་རྟེན་མཐུན་སྦྱོར་གྱི་གཉེན་སྟོན་དུའང་བཀྲ་ཤིས་མཛའ་མཐུན་མཚོན་བྱེད་དུ་རྒྱ་ནག་གི་ཡི་གེ“
”འདི་སྦྱོར་སྲོལ་ཞིག་བོད་མིའི་འཚོ་བའི་ཁྲོད་དར་ཀྱིན་ཡོད། དེ་ལས་བོད་རང་གི་རྒྱན་རིས་དཔལ་བེའུའི་རི་མོ་འདི་སྦྱར་ན་དེའི་མཚོན་དོན་དང་མཛེས་ཉམས་ཕྱོགས་གང་ཐད་ནས་བོད་རང་གི་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་དགེ་མཚན་དང་ལྡན་པ་དེ་ལྟ་བུ་ཧ་ཅང་མང་པོ་ཡོད། ད་དུང་རྟགས་བརྒྱད་རི་མོའི་མཚོན་བྱེད་ཐད་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་རེ་ཡོད་ཀྱང་འདིར་མང་དུ་དོགས་ནས་རེ་ཞིག་ཐུན་མོང་གི་འདོད་པ་ཙམ་ཞིག་སྤྲོས་པ་ལགས་སོ། །







བཀྲ་ཤིས་པའི་རྟགས་བརྒྱད་ཇི་ལྟར་བྱུང་ཚུལ་བཤད་པ།

                             གཙང་ཚྭ་དགེ་བཤེས་གཡུང་དྲུང་གཙུག་ཕུད།



                           དེ་ཡང་རྟགས་བརྒྱད་ནི་བོད་མི་རིགས་ཀྱིས་ཁ་དགེ་བཀྲ་ཤིས་ཡོང་བའི་མཚོན་རྟགས་གཙིགས་ཆེ་ཤོས་ཤིག་འཛིན་གྱི་ཡོད་པ་ནི། ཆོས་ལུགས་ཀྱི་ལྟ་བ་ཡོད་མེད་ལ་མ་ལྟོས་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཡོད་རིགས་ཚང་མ་གཅིག་གྱུར་ཡིན། བཀྲ་ཤིས་པའི་རྟགས་བརྒྱད་འདི་ཆེ་ས་དགོན་གྱི་གཙུག་ལག་ཁང་དང་ལྷ་ཁང་ཆེ་ཆུང་རིགས་ཀུན་དང་བླ་བྲང་གྲྭ་ཤག་མགྲོན་ཁང་བཅས་དང་། རྒྱལ་པོའི་ཕོ་བྲང་། སྤྱིར་བཏང་གྲོང་པའི་སྡོད་ཁང་། ཁྲིམས་སྲིད་སྡེ་ཚན་གྱི་ཚོགས་ཁང་། སྤྲོ་སྐྱིད་ཁང་། གཞན་རས་གུར་བཅས་ཚང་མའི་ཕྱི་ནང་གང་སར་རི་མོའི་ལམ་དང་། རྒྱུ་ཆ་སྣ་ཚོགས་ཀྱིས་གྲུབ་པའི་དབྱིབས་གཟུགས་ལས་གྲུབ་པ་བཤམས་སྒྲིག་བྱེད་ཀྱིན་ཡོད། དེ་ཡང་སེར་སྐྱ་ཀུན་གྱིས་བཀྲ་ཤིས་པའི་རྟགས་བརྒྱད་པོ་རེ་རེས་ཐུན་མོང་མ་ཡིན་པའི་མཚོན་དོན་རེ་ཡོད་པ་ཤེས་མིན་ལ་མ་ལྟོས་པར། སྤྱིར་རྟགས་བརྒྱད་དེ་ཡུལ་དུས་གནས་སྐབས་ཀུན་དང་། བྱ་བ་ཆེ་ཆུང་། སྤྱི་སྒེར། མི་ཆོས་དང་། ལྷ་ཆོས་གང་ཡིན་ཡང་ཁ་དགེ་བཀྲ་ཤིས་ཡོང་བའི་མཚོན་དོན་ཡིན་པ་ལ་ཐེ་ཚོམ་མེད་པ་ཕ་ཚ་བུ་རབས་ནས་བཞག་པའི་བག་ཆགས་བརྟན་པོའི་རྗེས་འགྲོ་བྱེད་ཀྱི་ཡོད་པ་སྨོས་མེད་རེད། དེ་ལྟར་བྱེད་དགོས་དོན་ནི། ཚད་ལྡན་གྱི་ལོ་རྒྱུན་དང་མ་འབྲེལ་བར་གནའ་བོའི་མི་རྣམས་ཀྱིས་རྒྱུ་མཚན་མེད་པར་རྨོངས་པའི་མོས་ཕྱོགས་ཙམ་གྱིས་མི་ཡི་འཚོ་བའི་ནང་རྒྱུན་ཆགས་སུ་གནས་པ་ཤིག་མ་ཡིན་པར། ཁུངས་ལྡན་ལོ་རྒྱུས་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུས་རིག་གནས་ཀྱི་སྣ་བརྒྱའི་མེ་ཏོག་བཞད་པའི་སྐྱེད་ཚལ་དུ་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཨུཏྤལ་ཞིག་དང་གཉིས་སུ་མ་མཆིས།
     
བོད་ཀྱི་ཐུན་མིན་ཆོས་དང་རིག་གནས་སྲོལ་རྒྱུན་བཟང་པོ་ཀུན་གྱི་མེས་པོ་ནི་བོན་སྟོན་གཤེན་རབ་མཆོག་ཡིན་པས་ད་ལན་རྟགས་བརྒྱད་འདི་ཡང་བཀྲ་ཤིས་པའི་མཚོན་རྟགས་སུ་ཇི་ལྟར་གྱུར་ཚུལ་ཡང་བོན་སྟོན་གཤེན་རབ་མཆོག་གི་མཛད་རྣམ་ལས་བཀྲ་ཤིས་པའི་ལྷ་མོ་བརྒྱད་ཀྱིས་སྟོན་པ་ལ་བཀྲ་ཤིས་གསོལ་བའི་རིམ་པ་ལྟར་དང་མཁན་ཆེན་ཉི་མ་རིན་པོ་ཆེས་མཛད་པའི་བྱམས་མའི་རྒྱན་མཆོད་ཨུཏྤལ་དཀར་པོའི་ཕྲེང་བའི་ནང་གི་རིམ་པ་ཡང་དེ་དང་མཐུན་པར་བཀོད་འདུག་པས་དེ་གཉིས་ལྟར་འགོད་པར་བྱ། དེ་ཡང་བཀྲ་ཤིས་པའི་རྟགས་བརྒྱད་འདི་དུས་རབས་ཀྱི་དབང་དུ་བྱས་ན་སྤྱི་ལོའི་སྔོན་གྱི་དུས་རབས་བོན་སྟོན་གཤེན་རབ་ཀྱི་སྐུ་དུས་ནས་དར་ཡོད། བོན་སྟོན་གཤེན་རབ་མཆོག་སྤྱི་ལོའི་སྔོན་དུས་རབས་གང་ཞིག་ལ་བྱོན་ཡོད་པ་དེང་དུས་ཚན་རིག་ཞིབ་འཇུག་པ་རྣམས་ཀྱིས་ཁས་ལེན་ལ་གཞིག་ནའང་མ་མཐའ་སྟོན་པ་བཅོམ་ལྡན་འདས་མ་འཁྲུངས་བའི་སྔོན་དུ་བྱོན་ཡོད་པ་ཡིན། བོན་གཞུང་རྣལ་མའི་དགོངས་དོན་ལྟར་ལོ་ངོ་ཁྲི་ཕྲག་སྔོན་ནས་བྱོན་ཡོད་པ་གསལ་པོ་གསུང་ཡོད། སྐབས་འདིར་མདོ་དྲི་མེད་དང་མཁན་ཆེན་ཉི་མས་མཛད་པའི་བྱམས་མའི་རྒྱན་མཆོད་ཨུཏྤལ་དཀར་པོའི་ཕྲེང་བ་ལྟར་འགོད་པར་བྱ།

༡༽ སྐྱོན་བྲལ་གྱི་པདྨ་ནི།

      གཤེན་རབ་དགུང་ལོ་ལྔའི་ཐོག་ནམ་མཁར་འཕུར་ནས་ལྷ་གནས་གཡུང་དྲུང་གསལ་བྱེད་གླིང་དུ་གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི་རྒྱུད་གསུངས་ཏེ་ལྷ་ལ་བོན་འཁོར་སྐོར་སྐབས། ལྷ་མོ་པདྨ་མས་མེ་ཏོག་པདྨའི་མདངས་ཕུལ་ཏེ་གདན་ལ་པདྨ་ལྟ་བུའི་འཁོར་བའི་ཉེས་སྐྱོན་དང་བྲལ་བའི་བཀྲ་ཤིས་གསོལ། དེ་ནས་པདྨ་འདི་ཉིད་གདན་ལ་ཉེས་སྐྱོན་བྲལ་ཞིང་སྐུ་ཚེ་འཇིག་བྲལ་ཞབས་པད་བསྐལ་བརྒྱར་བརྟན་པའི་མཚོན་རྟགས་ཞིག་ཏུ་གྱུར་བ་ཡིན།

༢༽ བཅུད་ལྡན་གྱི་བུམ་པ་ནི།

      གཤེན་རབ་དགུང་ལོ་སོ་དྲུག་ཐོག་ལྷ་གནས་ནས་མར་བབས་ཏེ་རི་རབ་ཀྱི་རྩེ་མོར་བྱོན་ཏེ་ཕྱག་ས་ལ་བརྡབས་པས། ས་ཡི་དབུས་ནས་བཀྲ་ཤིས་ཀྱི་ལྷ་མོ་བུམ་པ་མས་གསེར་གྱི་བུམ་པ་བཅུད་ལྡན་ཞིག་ཕུལ་ཏེ་སྟོན་པའི་མགུལ་ལ་བུམ་པའི་བཀྲ་ཤིས་གསོལ་བས། སྟོན་པའི་སྐུ་ལུས་གསེར་མདངས་སུ་གྱུར་ཏེ་གཡུང་དྲུང་དག་པ་ལྷའི་རྒྱུད་བཤད། དེ་ནས་བུམ་པ་འདི་ཉིད་མགུལ་ལ་འདོད་དགུ་འབྱུང་བའི་བང་མཛོད་ལྟར་བཀྲ་ཤིས་པའི་མཚོན་རྟགས་ཤིག་ཏུ་གྱུར་བ་ཡིན།

༣༽ བཀྲ་ཤིས་པའི་གསེར་ཉ་ནི།

      གཤེན་རབ་དགུང་ལོ་སོ་བདུན་ཐོག་རི་བདུན་ཁ་རུ་བྱོན་ཏེ་གཡུང་དྲུང་ཁྱིམ་བདུན་མི་ཡི་ནང་དུ་གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད་གསུངས། ཉ་ཅན་ལྷ་མོས་དེ་དུས་གསེར་ཉ་ཟུང་གཅིག་ཕུལ་ནས་ཕྱག་ལ་གསེར་ཉ་ལྟ་བུ་མཉེན་ཞིང་བདེ་བའི་བཀྲ་ཤིས་གསོལ་བས་གསེར་ཉ་འདི་ཉིད་ཕྱག་མཉེན་ཞིང་བདེ་བར་ཡོང་བའི་བཀྲ་ཤིས་གསོལ་བའི་མཚོན་རྟགས་ཞིག་ཏུ་ཆགས་པ་ཡིན།

༤༽ མི་ནུབ་པའི་རྒྱལ་མཚན་ནི།

      གཤེན་གྱི་དགུང་ལོ་སོ་བརྒྱད་ཐོག་ཟད་མཚམས་མེ་ཏོག་གླིང་དུ་བདུད་རྗེ་ཁྱབ་པ་སོགས་རབ་ཏུ་བྱུང་སྟེ་གཡུང་དྲུང་ཕལ་ཆེན་འདུལ་བའི་རྒྱུད་བཤད་ཚེ། ལྷ་མོ་རྒྱལ་མཚན་མས་བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བཙུགས་ཏེ། སྐུ་མི་མཐུན་ཕྱོགས་མཐའ་དག་གི་གཡུལ་ལས་རྒྱལ་བའི་བཀྲ་ཤིས་གསོལ་བས། དེ་ནས་རྒྱལ་མཚན་འདི་ཉིད་མི་མཐུན་ཕྱོགས་ལས་རྒྱལ་བའི་བཀྲ་ཤིས་པའི་མཚོན་རྟགས་ཞིག་ཏུ་ཆགས་པ་རེད།

༥༽ འགག་མེད་ཀྱི་དུང་ནི།

      བོན་སྟོན་གཤེན་རབ་མཆོག་དགུང་ལོ་ཞེ་གཅིག་ཐོག་གསས་མཁར་ཁྲི་སྨོན་རྒྱལ་བཞད་ཀྱི་ནང་དུ་གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད་བཤད་ནས་བོན་སྒྲས་འཇིག་རྟེན་ཁྱབ་པར་གྱུར་སྐབས། ལྷ་མོ་དུང་ཅན་མས་གསུང་ལ་འགག་པ་མེད་པར་བཀྲ་ཤིས་པའི་ཆེད་དུ་དུང་དཀར་གཡས་འཁྱིལ་ཞིག་ཕུལ་ཏེ་གསུང་ལ་འགག་མེད་ཚངས་དབྱངས་དྲུག་ཅུའི་བཀྲ་ཤིས་གསོལ་བ་ནས་བཟུང་དུང་དཀར་འདི་ཉིད་གསུང་ལ་འགག་པ་མེད་པའི་བཀྲ་ཤིས་པའི་མཚོན་རྟགས་ཞིག་ཏུ་གྱུར་པ་ཡིན།

༦༽ ཕུན་ཚོགས་ཀྱི་དཔལ་བེའུ་ནི།

      བོན་སྟོན་གཤེན་རབ་མཆོག་དགུང་ལོ་ཞེ་གཉིས་ཐོག་གསས་ཁང་ཁོལ་མ་ནེའུ་ཆུང་དུ་གཡུང་དྲུང་ཁོང་མ་དག་པའི་རྒྱུད་འཆད་སྐབས་ཐུགས་ཉིད་གཡོ་བ་མེད་པ་ཡེ་ཤེས་ལྔ་ཡི་རྣམ་པ་རབ་ཏུ་བཀྲ་བའི་ཚེ། ལྷ་མོ་དཔལ་བེའུ་མས་དཔལ་བེའུ་ཞིག་ཕུལ་ནས་ཐུགས་ལ་གཡོ་བ་མེད་པའི་བཀྲ་ཤིས་གསོལ་བས། དེ་ནས་བཟུང་དཔལ་བེའུ་འདི་ཉིད་ཐུགས་ལ་སྡུག་བསྔལ་དང་གཡོ་འཁྲུལ་མེད་པར་བཀྲ་ཤིས་པའི་མཚོན་རྟགས་ཞིག་ཏུ་གྱུར་པ་ཡིན།

༧༽ དབང་བསྒྱུར་གྱི་འཁོར་ལོ་ནི།

      བོན་སྟོན་གཤེན་རབ་མཆོག་དགུང་ལོ་ཞེ་གསུམ་ཐོག་ཕོ་གླིང་མོ་གླིང་གཉིས་ཀྱི་བར་མཚམས་མཆོད་རྟེན་ཆེན་པོའི་དྲུང་དུ་ལས་འབྲས་མངོན་སྟོན་སྲིད་པའི་འཁོར་ལོ་སོགས་མངོན་པའི་བོན་འཁོར་སྐོར་སྐབས། ལྷ་མོ་འཁོར་ལོ་མས་འཁོར་ལོ་ཞིག་ཕུལ་ནས་ཞབས་ལ་ཐོགས་ཆགས་མེད་པར་གསེར་གྱི་འཁོར་ལོས་བཀྲ་ཤིས་གསོལ་བས་དེ་ནས་བཟུང་འཁོར་ལོ་འདི་ཉིད་ཞབས་ལ་ཐོགས་ཆགས་མེད་པའི་བཀྲ་ཤིས་པའི་མཚོན་བྱེད་ཞིག་ཏུ་གྱུར་པ་ཡིན།

༨༽ སྐྱོབ་པའི་གདུགས་ནི།

     བོན་སྟོན་གཤེན་རབ་མཆོག་དགུང་ལོ་ཞེ་དགུའི་ཐོག་མི་གཡོ་བསམ་གཏན་གླིང་དུ་གཡེང་བའི་ཚོགས་སྤང་དབེན་པའི་གནས་བརྟེན་ཏེ། ཚིག་བོར་དོན་ལ་བསྒོམས་ཏེ་གཞི་ལམ་འབྲས་བུའི་བོན་རྣམས་གཏན་ལ་ཕབས་ནས་སྒོམ་པའི་ཐོག་བར། ལྷ་མོ་གདུགས་ཅན་མས་དབུ་ཡི་མཁའ་ལ་གདུགས་ཕུབ་ཏེ་དབུ་གདུགས་ལྟར་ཀུན་གྱི་བླ་ན་མཐོ་བའི་བཀྲ་ཤིས་གསོལ་བ་ནས་གདུགས་འདི་ཉིད་དབུ་འཕང་དགུང་དང་མཉམ་པར་བཀྲ་ཤིས་པའི་མཚོན་བྱེད་ཞིག་ཏུ་གྱུར་པ་ཡིན། དེ་ཡང་གོ་རིམ་སྒྲིག་ཚུལ་ལ་མི་མཐུན་འགའ་ཞིག་སྣང་བ་ནི། དཔེར་ན་བོན་དཔེ་རྒྱས་པ་ཀུན་སྣང་ལྟར་ན། དང་པོ་མི་ནུབ་པའི་རྒྱལ་མཚན། གཉིས་པ་སྐྱོབ་པའི་གདུགས་ཆེན། གསུམ་པ་བཅུད་ལྡན་བུམ་པ། བཞི་བ་ཕུན་ཚོགས་དཔལ་བེའུ། ལྔ་བ་བཀྲ་ཤིས་གསེར་ཉ། དྲུག་པ་སྒྲ་རྒྱལ་དུང་ཆེན། བདུན་པ་དབང་བསྒྱུར་འཁོར་ལོ། བརྒྱད་པ་སྐྱོན་བྲལ་པདྨ་ཞེས་མཚོན་བྱ་རྒྱལ་མཚན་དེ་སྐུ་ནུབ་པ་མེད་པ་མི་མཐུན་པའི་ཕྱོགས་ལས་རྒྱལ་བའི་བཀྲ་ཤིས་པའི་མཚོན་བྱེད་དང་། གདུགས་ནི་དབུ་ཉོན་མོངས་ཀྱི་ཚ་གདུང་སེལ་ཞིང་དུས་གསུམ་རྟག་ཏུ་སྲིད་ཞི་ཀུན་གྱི་བླ་རུ་མཐོ་བའི་བཀྲ་ཤིས་པའི་མཚོན་བྱེད་དང་། བུམ་པ་ནི་མགུལ་ལ་ཚངས་དབྱངས་དྲུག་ཅུའི་བཅུད་ལྡན་ཤིང་སྙན་པའི་སྒྲ་ཆེན་ཡོངས་ལ་ཁྱབ་པར་བཀྲ་ཤིས་པའི་མཚོན་བྱེད་དང་། དཔལ་བེའུ་ནི་ཐུགས་འཁྲུལ་བ་མེད་པ་སྤངས་རྟོགས་ཕུན་སུམ་ཚོགས་པར་བཀྲ་ཤིས་པའི་མཚོན་བྱེད་དང་། གསེར་ཉ་ནི་ཕྱག་རྫུ་འཕྲུལ་ཉམས་ང་མེད་ཅིང་མི་འཇིགས་སྟོབས་དང་ལྡན་པར་བཀྲ་ཤིས་པའི་མཚོན་བྱེད་དང་། དུང་ཆེན་ནི་གསུང་མ་འགག་ཀུན་གྲགས་ཐོགས་མེད་སྣང་སྲིད་ཟིལ་གྱིས་ནོན་པར་བཀྲ་ཤིས་པའི་མཚོན་བྱེད་དང་། འཁོར་ལོ་ནི་ཞབས་རྫུ་འཕྲུལ་ཐོགས་མེད་ཞིང་ཀུན་དབང་བསྒྱུར་བར་བཀྲ་ཤིས་པའི་མཚོན་བྱེད་དང་། པད་མ་ནི་གདན་དྲི་མེད་སྐྱོན་བྲལ་བཀྲ་ལ་གསལ་བར་བཀྲ་ཤིས་པའི་མཚོན་བྱེད་དུ་དབུ་ནས་མར་བཀྲ་ཤིས་གསོལ་བ་ལྟར་མཛད་འདུག དེ་ལྟར་བཀྲ་ཤིས་པའི་རྟགས་བརྒྱད་འདི་ཞང་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་རིག་གནས་མི་རིགས་གཞན་ལ་ངོམ་རིན་ཆོག་པ་ཞིག་ཡིན་པ་ལས་ཁྱིམ་མཚེས་གཞན་ནས་གཡར་བ་ལྟ་བུ་མིན་པ་ཡིད་ཆེས་ཐུབ་པའོ། །ཡང་རྒྱ་ནག་སོགས་ཡུལ་གྲུ་གཞན་ལ་དར་ཡོད་པ་ནི་དཔེར་ན་རྒྱ་ནག་གིས་བཟོས་པའི་ཞལ་དཀར་སོགས་ལ་བཀྲ་ཤིས་པའི་རྟགས་བརྒྱད་ཀྱི་རི་མོ་རྒྱག་སྲོལ་ཡོད་པ་ལྟར་རོ།  

སྲོལ་རྒྱུན་རིག་པའི་ལུགས་བཟང་འདི།
སྲོལ་རྒྱུན་བཟང་པོའི་མི་རིགས་ཀྱི།
སྲོལ་རྒྱུན་ཡ་རབས་མཚོན་བྱེད་དུ།
སྲོལ་རྒྱུན་ལམ་ནས་ངེས་ཤེས་ཐོབ།


1 comment:

  1. གཡག་ལ་དགང་བའི་འབྲོག་ཕྲུག་ཞིག
    གཡག་ལ་དུངས་པའི་བོད་པ་ཞིག
    གཡག་ཤ་ཟས་པའི་གདོང་དམར་བ་ཞིག
    གཡག་གླུ་ལེན་པའི་གཞས་མ་ཞིག
    མདོར་ན་ཐམས་ཅད་ཁྱེད་དང་ཤ་ཕྲག་གཅིག་ཏུ་ཡོད་པའི་ཁ་བ་རི་བོ་བ་ཞིག
    དགེའོ།

    ReplyDelete