ཤེས་བྱ། ཡོད་པ། གཞལ་བྱ། གཞི་གྲུབ། ཆོས་རྣམས་དོན་གཅིག
བློ་ཡུལ་དུ་བྱ་རུང་། ཤེས་བྱའི་མཚན་ཉིད།
ཚད་མའི་དམིགས་པ། ཡོད་པའི་མཚན་ཉིད།
ཚད་མའི་རྟོགས་པར་བྱ་བ། གཞལ་བྱའི་མཚན་ཉིད།
ཚད་མའི་གཞལ་བར་བྱ་བ། གཞི་གྲུབ་ཀྱི་མཚན་ཉིད།
རང་གི་ངོ་བོ་འཛིན་པ། ཆོས་ཀྱི་མཚན་ཉིད།
ཤེས་བྱ་ལ་དབྱེ་ན།
རྟག་པ་དང་དངོས་པོ་གཉིས།
ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་དེ། རྟག་པའི་མཚན་ཉིད།
རྟག་པ་ལ་དབྱེ་ན་གཉིས།
རྣམ་པ་ཐམས་ཅད་པའི་རྟག་པ་དང་།
རེ་འགའ་བའི་རྟག་པ་གཉིས། མཚན་གཞི་དང་པོ་ནི། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་དང།
གཉིས་པ་ནི། ཁང་པའི་ནམ་མཁའ་ལྟ་བུའོ།
གཉིས་པ།
དངོས་པོ་དང་། མི་རྟག་པ། འདུས་བྱས་རྣམས་དོན་གཅིག
དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད།
སྐད་ཅིག་མ། མི་རྟག་པའི་མཚན་ཉིད།
རང་གི་རྒྱུད་ལས་སྐྱེ་བ། འདུས་བྱས་ཀྱི་མཚན་ཉིད།
No comments:
Post a Comment