Monday, April 9, 2012

དངོས་པོ་ལ་དབྱེ་ན། མི་རྟག་པ་ལ་དབྱེ་ན།


དངོས་པོ་དང་། མི་རྟག་པ། འདུས་བྱས་རྣམས་དོན་གཅིག
དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད།
སྐད་ཅིག་མ། མི་རྟག་པའི་མཚན་ཉིད།
རང་གི་རྒྱུད་ལས་སྐྱེ་བ།  འདུས་བྱས་ཀྱི་མཚན་ཉིད།
དངོས་པོ་ལ་དབྱེ་ན་གསུམ།
གཟུགས  ཤེས་པ  ལྡན་མིན་འདུ་བྱེད་གསུམ་ཡོད།
གཟུགས་རུང་ གཟུགས་ཀྱི་མཚན་ཉིད།
གཟུགས་ལ་དབྱེ་ན་ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས།  སྐྱེས་པའི་ཤེས་རྒྱུད་ཀྱི་མ་བསྡུས་པའི་གཟུགས་དེ། ཕྱིའི་གཟུགས་ཀྱི་མཚན་ཉིད།
 ཕྱིའི་གཟུགས་ལ་དབྱེ་ན་ལྔ་ཡོད་དེ།
གཟུགས་ཀྱི་སྐྱེ་མཆེད།     སྒྲའི་སྐྱེ་མཆེད།    དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད།    རེག་བྱའི་སྐྱེ་མཆེད་ལྔ་ཡོད།
དང་པོ།  མིག་ཤེས་ཀྱི་བཟུང་བྱ་དེ།   གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད།  གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་ན་གཉིས།    དབྱིབས་དང་ཁ་དོག་གཉིས།
དབྱིབས་ལ་དབྱེ་ན་བརྒྱད།   རིང་པོ་དང་ཐུང་པོ།  མཐོ་བ་དང་དམའ་བ།  ལྷམ་པ་དང་ཟླུམ་པོ།  ཕྱྭ་ལེ་པ་དང་ཕྱྭ་ལེ་པ་མ་ཡིན་པ་དང་བཅས་པ་བརྒྱད།
མདོགས་སུ་རུང་བ་  ཁ་དོག་གི་མཚན་ཉིད།  ཁ་དོག་ལ་དབྱེ་ན་གཉིས།
རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་གཉིས།
རྩ་བའི་ཁ་དོག་ལ་དབྱེ་ན་བཞི།   དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་བཞི་ཡོད།
ཡན་ལག་གི་ཁ་དོག་ལ་དབྱེ་ན་བརྒྱད།
སྤྲིན་དང་དུ་བ། རྡུལ་དང་ཁུག་ན། སྣང་བ་དང་མུན་པ།
གྲི་མ་དང་ཉི་མའི་འོད་ཟེར་བརྒྱད།
རྣ་ཤེས་ཀྱི་ཉན་བྱ་   སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད། སྒྲའི་སྐྱེ་མཆེད་ལ་དབྱེ་ན་གཉིས།  ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་དང་། མ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་གཉིས།  མཚན་གཞི་རིམ་པ་བཞིན། སྐྱེ་བོས་ཐལ་མོ་རྡབ་པའི་སྒྲ་ནི་དང་པོ་དང་།  ཆུ་སྒྲ་ལྟ་བུ་ནི་གཉིས་པའོ།
ཡང་ཟིན་མ་ཟིན་གཉིས་ཀ་ལ་ཡང་སེམས་ཅན་ལ་སྟོན་མི་སྟོན་གཉིས་གཉིས་ཡོད་པ་སོགས་ཤེས་པར་བྱའོ།
སྣ་ཤེས་ཀྱི་མྱོང་བྱ་དེ་    དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད། དྲིའི་སྐྱེ་མཆེད་ལ་དབྱེ་ན་གཉིས། ལྷན་སྐྱེས་ཀྱི་དྲི་དང་། སྦྱར་བྱུང་གི་དྲི་གཉིས།   མཚན་གཞི་རིམ་པ་བཞིན།  ཙན་དན་གྱི་དྲི་ནི་དང་པོ་དང་།སྦྱར་སྤོས་ཀྱི་དྲི་ནི་གཉིས་པའོ།ཡང་ལྷན་སྐྱེས་ཀྱི་དྲི་ལ་ཞིམ་མི་ཞིམ་གཉིས་དང་སྦྱར་བྱུང་གི་དྲི་ལ་ཡང་ཞིམ་མི་ཞིམ་གཉིས་ཡོད་པ་སོགས་ཤེས་པར་བྱའོ།
ལྕེ་ཤེས་ཀྱི་མྱོང་བྱ་  རོའི་སྐྱེ་མཆེད་ཀྱི་མཚན་ཉིད། རོའི་སྐྱེ་མཆེད་ལ་དབྱེ་ན་དྲུག།   མངར་བ་དང་སྐྱུར་བ། ཁ་བ་དང་དཀའ་བ། ཚྭ་བ་དང་ལན་ཚྭ་བ་དྲུག
ལུས་ཤེས་ཀྱི་རག་བྱ་དེ་རག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད།
རེག་བྱའི་སྐྱེ་མཆེད་ལ་དབྱེ་ན་གཉིས།
འབྱུང་བར་གྱུར་བའི་རེག་བྱ་དང་།འབྱུང་འགྱུར་གྱི་རེག་བྱ་གཉིས། འབྱུང་བར་གྱུར་པའི་རེག་བྱ་ལ་དབྱེ་ན་བཞི།  ས་ཆུ་མེ་རླུང་བཞི་དང་།
འབྱུང་འགྱུར་དུ་གྱུར་བའི་རེག་བྱ་ལ་དབྱེ་ན་བདུན། འཇམ་པ་དང་རྩུབ་པ། ལྕི་བ་དང་ཡེང་བ། གྲང་བ་དང་བཀྲེས་པ། རྐོམ་པ་དང་བདུན།        སྐྱེས་བུས་ཤེས་རྒྱུད་ཀྱི་བསྡུས་པའི་གཟུགས་དེ།    ནང་གི་གཟུགས་ཀྱི་མཚན་ཉིད། ནང་གི་གཟུགས་ལ་དབྱེ་ན་ལྔ།
མིག་དབང་པོ་དང་། སྣ་དབང་པོ་དང་། རྣ་དབང་པོ་དང་།
 ལྕེ་དབང་པོ་དང་།  ལུས་དབང་པོ་ལྔ་ཡོད།
རང་འབྲས་མིག་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་མིག་གི་དབང་པོའི་མཚན་ཉིད།
མིག་དབང་ལ་དབྱེ་ན། རྟེན་བཅས་ཀྱི་མིག་དབང་དང་། རྟེན་མཚུངས་ཀྱི་མིག་དབང་གཉིས། མཚན་གཞི་རིམ་པ་བཞིན།  གཉིད་མ་ལོག་པའི་སྐབས་ཀྱི་མིག་དབང་དེ་དང་པོ་དང་། གཉིད་ལོིག་པའི་སྐབས་ཀྱི་མིག་དབང་དེ་གཉིས་པའོ།
འདིས་དབང་པོ་ཕྱི་མ་བཞི་ལ་ཡང་རིགས་འགྲེས་ཤེས་པར་བྱའོ།
རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་རྣ་བའི་དབང་པོའི་མཚན་ཉིད།
རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་སྣའི་དབང་པོའི་མཚན་ཉིད།
རང་འབྲས་ལྕེ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ལྕེའི་དབང་པོའི་མཚན་ཉིད།
རང་འབྲས་ལུས་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ལུས་ཀྱི་དབང་པོའི་མཚན་ཉིད། 

No comments:

Post a Comment